婦女節快樂
婦女節快樂 持明仁增塔欽藏文詩
༡ དོན་དམ་མེ་ལོང་ངོས་ཀྱི་སྣང་སྟོང་ཞལ།།
འཕགས་མ་སྒྲོལ་མཛད་ལྷ་མོ་ཉེར་གཅིག་དང་།།
མཆོད་སྤྲིན་སྤྲོ་བསྡུས་གར་བསྒྱུར་བཅུ་དྲུག་གིས།།
ལང་ཚོའི་དཔལ་དང་ཤེས་རབ་སྤོབས་པ་སྩོལ།།
༢ སྟོང་པ་མཁའ་ལ་ཕྱོགས་པའི་ཤེར་རབ་ཡུམ།།
ཐབས་ཆེན་སྣང་བའི་རྩལ་རྫོགས་དཔའ་བོའི་སྐུ།།
མི་ཕྱེད་སྒྱུ་འཕྲུལ་བཀོད་པས་བསྐྲུན་པའི་དཔལ།།
མཚན་དཔེའི་མེ་ཏོག་བཞད་པའི་མཚོ་རྒྱལ་འདུད།།
༣ སྲིད་པ་འཛམ་གླིང་གྲགས་པའི་སའི་ཁྱོན་ན།།
མ་བསྡུས་མཛེས་པ་སྤུང་བའི་མོ་སྨན་རྣམས།།
སྐྱེས་བུས་ཏིང་ངེར་འཛིན་པའི་རྨི་ལམ་དང་།།
རྐང་གཉིས་ཞིང་ས་བཟང་པོའི་བསྐྱེད་མ་ཡིན།།
༤ ལུས་ཀྱི་འཁྲི་ཤིང་རྩ་ཁམས་བདེ་ཆེན་སྟུག།
སྨིན་མ་མིག་ཡངས་དབང་སྡུད་འོད་ཟེར་འབྱེད།།
ངག་སྙན་དབྱངས་ཀྱིས་སྐྱེ་བོའི་ཡིད་དབང་གསོ།།
འཇིག་རྟེན་དགའ་མ་བུ་ཆུང་བསྐྱེད་པའི་སྨན།།
༥ ནང་ན་གཡང་གཞི་འཁོར་བའི་ཁྱིམ་རྟེན་སྨན།།
སྒོ་ནས་ནོར་གནག་འོ་མའི་མཚོ་འདྲེན་སྨན།།
ཆོས་བཅུད་སྙིང་བརྩེས་རིགས་རྒྱུན་འཐུད་པའི་སྨན།།
མཛེས་མཛངས་དྭངས་སྨན་ཕུན་ཚོགས་དཔའ་མོ་རྨད།།
༦ ཤེས་རབ་མྱུར་བས་རིག་གནས་སློབ་པར་བདེ།།
ངང་གཤིས་ཞི་བས་ཆོས་དོན་མྱོང་བར་ཉེ།།
ཟླ་ཞལ་སྒེག་པས་གཞན་སྣང་སྤྲོ་བར་བསྐུལ།།
མི་མོ་དྭངས་སྨན་ལྷ་མོ་བཞིན་དུ་བསྟོད།།
༧ ཉུང་ངུའི་གྲངས་ཀྱིས་སྙད་པའི་ཕ་ཡུལ་འདིར།།
གདོང་དམར་བཙན་པོའི་འཕེལ་རྒྱུན་རྒྱ་མཚོ་དང་།།
དབྱར་གྱི་སྤང་ཁའི་མེ་ཏོག་བཀྲ་བ་བཞིན།།
ཕྱོགས་དང་མཐའ་ལ་ཁྱབ་པས་འཕེལ་གྱུར་ཅིག།
མོ་སྨན་དུས་ཆེན་ལ་རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནས།
༢༠༢༥ ༣ ༨
留言
張貼留言