ཚོགས་མི་ཡོངས་ལ་གསལ་བཤད་ཞུ་ཡ་ནི་ང་ཚོའི་ལྔ་རིག་
ཚོགས་མི་ཡོངས་ལ་གསལ་བཤད་ཞུ་ཡ་ནི་ང་ཚོའི་ལྔ་རིག་སྣང་བའི་ཚོགས་པ་འདི་གཙུགས་ནས་ཉི་གསུམ་ལས་མ་སོང་ནའང་ཚོགས་མིའི་གྲངས་ཀ་ཆ་ཚད་སྟེང་སླེབས་གྲབས་ཡོད། འདིའི་ནང་ཞུགས་པ་ཚང་མས་ལུང་དང་རིག་པའི་གསུང་བཤད་གནང་དགོས་པ་ནི་ལྔ་རིག་སྣང་བའི་ཚོགས་མིའི་འོས་འགན་རེད། གསུང་བཤད་བྱེད་སྐབས་ལུང་རིག་གི་མཚོན་ཐོག་དགོས་པ་ལས་ཚིག་རྩུབ་དང་རྡོ་དབྱུག་གི་བརྟུལ་ཞུགས་ཡོད་མི་སྲིད། འདིར་ཕེབས་པའི་མཁས་དབང་དམ་པ་ལ་གདེངས་འཇོག་དང་གུས་ལུགས་ཡོད་པའི་སྒོ་ནས་རིག་པ་བརྗེ་བོ་བྱེད་དགོས། གསུང་བཤད་མཛད་སྟངས་དེའང་ད་ལྟའི་མིས་གོ་སླ་བ་ཁོ་ན་གཞིར་བཞག་བྱས་ནས་བཤད་པ་ཡིན་ན་གཏམ་ཉོབ་མང་པོ་ཞིག་བགྲོ་གླེང་ནང་ཡང་སྲིད་པ་དང་། གཞན་བཀའ་དང་བསྟན་བཅོས་ལ་རྒྱབ་བསྟེན་བྱས་ནས་དཔེ་ཆའི་ནང་གི་གོ་བ་དེ་ཚོ་ཆོས་གྲྭའི་ནང་གི་གསུང་སྟངས་བྱེད་མཁན་ད་ལྟ་ཉུང་པས་ངས་བལྟས་པ་ཡིན་ན་ཆོས་གྲྭའི་ནང་གི་གསུང་སྟངས་འདི་ཡག་པོ་ཡོད་འགྲོ། ཡང་མཁས་པ་ལ་ལས་ད་ལྟའི་མིས་གོ་བདེ་བ་ཞིག་ཁོ་ན་གཞིར་བཞག་གིས་བཤད་དགོས་གསུང་བྱུང་འདི་ལ་ཡང་རྒྱུ་མཚན་འདུག རེད་དེ་དང་པོ་སྲོལ་རྒྱུན་ལྟར་ཆོས་གྲྭའི་ནང་གི་གསུང་སྟངས་ཀྱི་ལུང་ཡང་དག་པ་དེ་སྔོན་དུ་སོང་ནས་ད་གཟོད་རིག་པས་འཕུར་ནས་དུས་རབས་འདིའི་མིས་གོ་བདེ་བ་ཞིག་བྱས་ན་སྙམ་མོ།། སྤྱིར་གོ་སླ་བ་རང་མོས་ཀྱི་ཉོབ་གཏམ་དུས་རབས་འདིའི་བཤད་སྟངས་བྱེད་མཁན་གྱི་ཚོགས་པ་མི་ཉུང་པ་ཡོད། ངའི་རེ་བ་ནི་ལྔ་རིག་སྣང་བ་འདིའི་ནང་ཚུལ་གསུམ་མཁས་པའི་ཁྱད་ཆོས་འབུར་དུ་དོད་པའི་ཆོས་རིག་གསོན་པོའི་སྲོག་དང་ལྡན་པ་ཞིག་བྱུང་ན་སྙམ། རྒྱུ་མཚན་འདི་ལ་བསྟེན་ནས་ང་ཚོའི་ལྔ་རིག་སྣང་བ་འདིའི་བགྲོ་གླེང་བྱེད་སྐབས་དང་པོ་བཀའ་བསྟན་གྱི་ལུང་དྲངས་དེ་ནས་རིག་པ་ཡང་དག་གིས་ཟུར་རྒྱན་ནས་གསུང་དགོས་པ་ཞིག་རེད་དྲན་གྱིན་ཡོད། ཡང་མཁས་པ་འགའ་རེས་ད་ལྟ་སྤྱི་ཚོགས་དང་མཐུན་པའི་ཡར་རྒྱས་དང་ད་ལྟ་ཁ་ཐུག་གི་དངོས་ཡོད་གནས་ཚུལ་ཐད་བགྲོ་གླེང་བྱས་ན་གསུང་སོང་འོན་ཀྱང་ད་སྐབས་འདི་ཐད་ཀྱི་ཚོགས་པ་ཧ་ལས་པ་མང་པོ་ཡོད་པ་རེད། སྲོལ་རྒྱུན་ལྟར་གནས་ལྔའི་བགྲོ་གླེང་ནི་དུས་ཚོད་ཀྱི་དབང་གིས་དྲྭ་ཐོག་ནས་གསུང་མཁན་ཉུང་བ་དང་། ཕན་བདེའི་འབྱུང་གནས་ལུང་རྟོགས་ཆོས་ཀྱི་དགའ་སྟོན་གྱི་བགྲོ་གླེང་འདི་ནི་མཁས་པ་དགྱེས་པའི་ཆོས་ཚུལ་གྱི་དགའ་སྟོན་ཡིན་པས་འདི་གཞིར་བཞག་གིས་བགྲོ་གླེང་བྱེད་པ་ནི་ལྔ་རིག་སྣང་བ་མིང་དོན་ལྡན་དུ་འགྱུར་བ་དང་ད་ལྟའི་སྤྱི་ཚོགས་ལ་བསམ་པའི་དཔལ་ཡོན་བླ་ན་མེད་པའི་གནས་ལུགས་ཞིག་སྟེར་ངེས་ཡིན་སྙམ་མོ།རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནས།
2013-01-12
留言
張貼留言